ཕུན་ཚོགས་ཕོ་བྲང་།

ད་ངས་ཁྱེད་ལ་རང་ཉིད་ཀྱིས་ཕུན་ཚོགས་ཕོ་བྲང་ཡབ་མེས་རྣམ་པའམ་ང་ཚོའི་མེས་མེས་ཁྲི་ཆེན་མཐུ་སྟོབས་དབང་ཕྱུག་ཡན་གྱི་ས་སྐྱ་ཁྲི་འཛིན་རྣམས་ལ་ཅུངཟད་ཉམས་ཞིབ་བྱས་པའི་སྐོར་ཞུ་རྒྱུ་ཡིན།

ས་སྐྱ་ཁྲི་འཛིན་བདག་ཉིད་ཆེན་པོ་བཟང་པོ་དཔལ༼༡༢༦༢--༡༣༢༤༽་གྱི་རྗེས་སུ། ས་སྐྱའི་འཁོན་གྱི་གདུང་རྒྱུད་བླ་བྲང་བཞི་རུ་མཆེད་དེ། མཐར་དུས་མཆོད་བླ་བྲང་གཅིག་པུར་མ་ཉམས་པར་བཞུགས།

དུས་མཆོད་བླ་བྲང་གི་སྐབས་ཀྱི་ཁྲི་འཛིན་མཐའ་མ་འགྲོ་མགོན་དབང་སྡུད་སྙིང་པོ༼༡༧༦༣--༡༨༠༩༽་ལ་ཨོ་རྒྱན་གཉིས་པ་ཞེས་པའི་གྲགས་པ་བྱུང་། ཁོང་ལ་གདུང་སྲས་བཞི་དང་རྗེ་བཙུན་མ་གཅིག་ཡོད་པ་ལས། གདུང་སྲས་གཉིས་སྔགས་འཆང་དང་གཉིས་རབ་ཏུ་བྱུང་། གདུང་སྲས་སྔགས་འཆང་རྣམ་གཉིས་ཀྱིས་བླ་བྲང་སོ་སོར་བཞེངས། སྐུ་བགྲེས་ཀྱིས་གདན་ས་ས་སྐྱ་ཡི་སྒྲོལ་མ་ལྷ་ཁང་གི་ཉེ་འགྲམ་དུ་བླ་བྲང་བཞེངས་ཏེ་ཕན་པའི་ཕོ་བྲང་ཞེས་གསོལ། སྒྲོལ་མ་ལྷ་ཁང་གི་འཁྲིས་སུ་ཡོད་པས། ཀུན་གྱིས་ད་ལྟའི་བར་དུ་སྒྲོལ་མ་ཕོ་བྲང་ཞེས་འབོད། ལུང་རྟོགས་ཀྱི་ཆོས་བཀའ་གྱ་ནོམ་པ་ཕུན་སུམ་ཚོགས་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རྟེན་འབྱུང་དུ། སྐུ་གཞོན་གྱིས་བླ་བྲང་ལ་ཕུན་ཚོགས་ཕོ་བྲང་ཞེས་མཚན་གསོལ།

མཆན། སྐུ་པར་འོག་གི་ཐིག་དེ་ཚོར་བསྣན་ན་བླ་མ་དེ་དག་གི་རྣམ་ཐར་མཇལ་ཐུབ།

མཆན།
འཁྲུངས་འདས་ལོ་ཚིགས་མི་གསལ་བའི་འཁོན་གདུང་རྣམ་པའི་མཚན་གྱི་གོ་རིམ་གདུང་རབས་ནང་ལྟར་བཀོད་པའོ།

སྔགས་འཆང་ཀུན་དགའ་རིན་ཆེན།

ཕུན་ཚོགས་ཕོ་བྲང་ནས་ཕེབས་པའི་ས་སྐྱ་ཁྲི་འཛིན་ཐོག་མ་སྔགས་འཆང་ཀུན་དགའ་རིན་ཆེན༼༡༧༩༤༷-༷-༡༨༥༦༽མདོ་སྔགས་ཀུན་ལ་ཆགས་ཐོགས་མེད་པ། གྲུབ་པའི་ས་མཐོར་གཤེགས་ཤིང་ཉམས་དང་རྟོགས་པ་བསམ་གྱིས་མི་ཁྱབ་པ་མངའ་བ། སྐུ་ལུས་ལ་ཡི་དམ་ཕུར་པ་གྲུབ་པའི་རྟགས་དང་མཚན་མ། སྐུ་སྨད་ལ་ངོ་མཚར་ཆེ་བའི་སྟག་གི་རི་མོ་ལྡན་པ། ཁོང་ནི་འཇམ་དབྱངས་མཁྱེན་བརྩེ་དབང་པོ༼༡༨༢༠–༡༨༩༢༽དང་གཟིམ་འོག་བསྟན་འཛིན་སྙན་གྲགས༼༡༧༩༩--༡༨༨༤༽་སོགས་སྐྱེས་ཆེན་དུ་མའི་བླ་མར་གྱུར། དགོངས་པ་ཆོས་དབྱིངས་སུ་ཐིམ་སྐབས། དད་ལྡན་འགའ་ཤས་ཀྱིས་དག་སྣང་དུ་ཁོང་གིས་ས་སྐྱ་ལ་འཚེ་བའི་གདོན་བགེགས་མཐའ་དག་ཕྱིར་བསྐྲད་བྱས། གཟོད་མྱ་ངན་ལས་འདས་པའི་ཚུལ་བསྟན་པའང་མཇལ། ཁོང་གི་ཡབ་རྗེ་དམ་པ་དང་བཀའ་སྲུང་དམག་ཟོར་མ་ལ་ཁྱད་པར་དུ་འཕགས་པའི་སྒོས་འབྲེལ་ལྡན་པ་དགོངས་ནས། ཁོང་གིས་དམག་ཟོར་མ་ཕུན་ཚོགས་ཕོ་བྲང་གི་ཆོས་སྲུང་ཐུན་མོང་མ་ཡིན་པའི་གྲས་སུ་བཞག

བདག་ཉིད་ཆེན་པོ་འདི་ཉིད་ཀྱི་ཞབས་སུ་གདུང་སྲས་གསུམ་དང་རྗེ་བཙུན་མ་གསུམ་འཁྲུངས། གདུང་སྲས་སྐུ་བགྲེས་པ་དེ་དུས་མཆོད་བླ་བྲང་ཕོ་བྲང་གཉིས་སུ་མ་གྱེས་པའི་སྐབས་ནས་སྐུ་འཁྲུངས་ཟིན་པ་དང་། ཕྱིས་སུའང་ཕུན་ཚོགས་ཕོ་བྲང་དུ་བཞུགས་མེད་པས་ཕུན་ཚོགས་ཕོ་བྲང་གི་གདུང་རབས་སུ་མ་འགོད་ཀྱང་། དོན་དངོས་གདུང་རྒྱུད་ཀྱི་དབང་དུ་བྱས་ན་སྐུ་བགྲེས་ཁོང་འཁོན་གདུང་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཐོག་མར་ཆགས་ཡོད།

སྔགས་འཆང་རྡོ་རྗེ་རིན་ཆེན།

གདུང་སྲས་སྐུ་བགྲེས་འདི་ནི་ས་སྐྱ་ཁྲི་འཛིན༣༤པ་ངག་དབང་རྡོ་རྗེ་རིན་ཆེན༼༡༨༡༩--༡༨༦༧༽་ཡིན་ལ། མ་ཡུམ་སྐལ་བཟང་པདྨ་བུ་ཁྲིད་ཀྱི་མངལ་ནས་སྐུ་འཁྲུངས་པའི་ཚེ་ངོ་མཚར་ཞིང་བཀྲ་ཤིས་པའི་རྟགས་དུ་མ་བྱུང་། སྔར་གྱི་ཕྱག་སྲོལ་ལ་ས་སྐྱའི་གདུང་སྲས་འཁྲུངས་དུས་སུ་བཙས་སྟོན་རྒྱ་ཆེ་གནང་ལུགས་ཡོད་པར་ལྟར་བྱས། དད་ལྡན་སྐྱ་སེར་ཀུན་གྱིས་དམ་ཅན་ཆོས་སྐྱོང་ལ་བསྐང་གསོ་འཕྲིན་བཅོལ་དང་མཆོད་པ་རྒྱ་ཆེར་ཕུལ། སྐུ་ན་གཞོན་དུས་ནས་ས་ཆེན་ལྟར་ཤིན་ཏུ་མཚན་བཟང་པོ་ཡོད་པས་ཀུན་གྱི་ཡིད་དབང་འཕྲོག དགུང་ལོ་དྲུག་པ་ནས་ཡོངས་འཛིན་བློ་གྲོས་རྒྱ་མཚོའི་ཞབས་དྲུང་དུ་གསང་སྔགས་རྒྱུད་སྡེའི་རྒྱ་མཚོ་ལ་གསན་བསམ་མཛད་དེ་ཐུགས་སུ་ཆུབ། ཆུང་བ་གསོལ་འདེབས་སྨོན་ལམ་ཡན་ཆད་ནས་རྡོ་རྗེ་གཞོན་ནུ། དགྱེས་པ་རྡོ་རྗེ། གསང་བ་འདུས་པ། འཁོར་ལོ་བདེ་མཆོག རྡོ་རྗེ་འཇིགས་བྱེད། རྡོ་རྗེ་རྣལ་འབྱོར་མའི་ཆོས་སྐོར་ཟབ་མོ་ཤིན་ཏུ་མང་པོ་ལ་ནང་བྱན་ཆུད་པར་གྱུར། དགུང་ལོ་དགུ་པ་ནས་བཟུང་། ས་སྐྱ་ཁྲི་འཛིན༣༣པ་པདྨ་བདུད་འདུལ་དབང་ཕྱུག༼༡༧༩༢--༡༨༥༣༽། ཡབ་ཀུན་དགའ་རིན་ཆེན་༼གོང་གསལ༽། ངག་དབང་ཀུན་དགའ་རྒྱལ་མཚན༼༡༨༠༣--༡༨༤༢༽། རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ༼༡༧༥༦--?༽་སོགས་མཁས་གྲུབ་དུ་མ་ལས་གསང་སྔགས་གསར་རྙིང་གི་དབང་ལུང་ཁྲིད་གསུམ། རྗེས་གནང་མན་ངག་བྱིན་རླབས་རྒྱ་མཚོ་ལྟ་བུར་གསན་བསམ་མཛད། འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་གཟིམ་འོག་རྡོ་རྗེ་འཆང་སོགས་གྲུབ་བརྙེས་ཀྱི་སྐྱེས་ཆེན་དག་གིས། ས་ཆེན་ཀུན་དགའ་བློ་གྲོས༼༡༧༢༩--༡༧༨༣༽་ཀྱི་རྗེས་སུ། ཆོས་ཚུལ་རྒྱ་ཆེ་བ་འདི་ལྟ་བུ་མནོས། དེ་ཡང་སྒྲུབ་པར་ཉམས་སུ་ལེན། མཐར་གཞན་དོན་དུ་འཆད་སྤེལ་རྒྱ་ཆེ་བགྱིས་པ་ལ་ཁྲི་ཆེན་རྡོ་རྗེ་རིན་ཆེན་ལ་དོ་ཟླ་ཡེ་མེད་གསུངས། དམ་པ་འདིས་འབྱུང་པོ་འདུལ་བྱེད་ནས་བརྩམས་ཏེ། ཀྱེ་རྡོ་རྗེ། རྡོ་རྗེ་ཕུར་པ། རྡོ་རྗེ་རྣལ་འབྱོར་མ། བྲག་རྫོང་མ་སོགས་ཡི་དམ་ཆོས་སྐྱོང་གི་བསྙེན་མཚམས་ཚད་དུ་ཕྱིན་པར་གྲུབ་རྗེས། གདན་སའི་རྡོ་རྗེ་སློབ་དཔོན་བཞེས།

ཕྱི་ལོ༡༨༤༣ལོར་གདན་ས་རུ་ས་སྐྱ་ཁྲི་འཛིན་དུ་མངའ་གསོལ་བྱས། ཉིན་གསུམ་གྱི་རིང་ཆོས་རྗེ་ས་པཎ་གྱིས་མཛད་པའི་ཐུབ་པ་དགོངས་གསལ་གསུངས། བླ་ཆེན་དཔོན་རིགས་ལས་སྣེ་དད་ལྡན་ཀུན་གྱིས་མཎྜལ་དང་མཆོད་འབུལ་རྒྱ་ཆེ་ཕུལ། དུས་ཡུན་ཐུང་ངུའི་ནང་། དགོན་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པར་ཞིག་གསོ་དང་གསར་བཞེངས་མང་པོར་གྲུབ།

ལན་ཅིག་མོན་ཡུལ་སྤ་གྲོ་སྟག་ཚང་དུ་གནས་གཟིགས་ལ་ཕེབས། ཕུར་པའི་སྒྲུབ་ཆེན་ཚོགས་སྐབས་ཤིག་ལ། བགེགས་གཏོར་གཡུགས་ཏེ་གཏོར་མ་ལ་ཁྲག་ཕྱུང་བ་དང་། ཁོང་གིས་དམའ་ས་ལ་བསྟན་ཏེ་མདའ་འཕངས་པ་ན་མདའ་རང་བཞིན་དུ་གྱེན་དུ་སྒྲུབ་ཕུག་ལ་འཕུར་སོང་བ། བུམ་ཐང་མེ་འབར་མཚོ་རུ་བུམ་པ་གཅིག་བསྣམས་ནས་བྱིན་རླབས་མཛད་དུས་འཕྲལ་དུ་མཚོ་ལས་དབུ་བ་བརྡོལ། ཆུ་ཡང་ཟངས་ཀྱི་ཁུ་བ་ལྟ་བུར་གྱུར། དེར་ཡོད་ཀུན་ཡ་མཚན་དང་དད་པ་སྐྱེས་ཏེ་བླ་མར་བཀུར། བདུད་དང་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བ་ལ། མེས་པོ་གོང་མ་ལྟར་ངོ་མཚར་བའི་ཆོ་འཕྲུལ་དུ་མ་བསྟན།

ཨ་འཐས་ཆེ་བའི་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། ཕྱི་ལོ༡༨༦༧ལོའི་སྟོན་ཟླ་ར་བའི་ཚེས༡༧ཉིན་མཁའ་འགྲོའི་ཚོགས་ཀྱི་བསུ་བ་དང་ལྷན་དུ། ཆོས་དབྱིངས་མཉམ་པ་ཆེན་པོའི་ཀློང་དུ་གཟུགས་སྐུའི་བཀོད་པ་བསྡུས་ཏེ་མྱ་ངན་ལས་འདས་པའི་ཚུལ་བསྟན། སྐུ་གདུང་ཞུགས་ལ་ཕུལ་བའི་ཤུལ་དུ་དད་ལྡན་རྣམས་ཀྱི་མཆོད་ཡུལ་ལ་གདུང་དང་རིང་བསྲེལ་མང་པོ་བཞག ཁོང་ཁྲི་འཛིན་གྱི་ཐུགས་འགན་ཡུན་རིང་མ་བཞེས་པར་དགོངས་པ་ཞུས་པ་དང་། ཁོང་དང་བདག་མོ་རྣམ་སྲས་སྒྲོལ་མ་གཉིས་ལས་འཁྲུངས་པའི་གདུང་སྲས་སྐུ་ན་མ་སྨིན་པར་གཤེགས། འོ་ན་ཁོང་གི་རྗེས་སུ་གདུང་རྒྱུད་འཛིན་པ་སུ་བྱུང་ཡོད་ཅེ་ན།

ངག་དབང་ཀུན་དགའ་བསོད་ནམས།

དེ་ནི་ཁྲི་འཛིན༣༦པ་ངག་དབང་ཀུན་དགའ་བསོད་ནམས་རེད། དམ་པ་འདི་ཉིད་དང་གཅེན་མོ་རྗེ་བཙུན་མ་གསུམ། གཅུང་གདུང་སྲས་གཅིག་བཅས་ཡབ་སྔགས་འཆང་ཀུན་དགའ་རིན་ཆེན་དང་ཡུམ་བདག་མོ་ས་འདུ་ཚང་ཉི་ཟླ་དབང་མོ་ལས་འཁྲུངས། སྐུ་ཡི་གཅེན་མོ་བགྲེས་པ་ནི་གྲུབ་ཆེན་རྗེ་བཙུན་མ་རྟ་མགྲིན་དབང་མོ་སྐལ་བཟང་ཆོས་ཀྱི་ཉི་མ༼༡༨༣༦--༡༨༩༦༽རེད། ནམ་རྒྱུན་འཁོན་གྱི་རིགས་སུ་འཁྲུངས་པའི་བུད་མེད་རྣམས་ལ་རྗེ་བཙུན་མ་ཞེས་ཞུས་ཀྱང་། རྗེ་བཙུན་མ་འདི་ཉིད་ལ་དམ་པ་གོང་མ་གཞན་དང་འདྲ་བར་སྐྱབས་མགོན་ཞེས་གསོལ་ཏེ། ཁོང་དང་སྔར་བྱོན་གྱི་རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ་ནི་འཁོན་གདུང་སྐྱེས་ཆེན་གཞན་དང་འདྲ་བར། མདོ་སྔགས་རབ་འབྱམས་ལ་མཁས་ཤིང་གྲུབ་པའི་གོ་འཕང་མཐོན་པོར་སོན་པས་སོ། གདན་ས་ཆེན་པོའི་ཕུར་པ་སྒྲུབ་ཆེན་གྱི་རྡོ་རྗེ་སློབ་དཔོན་མཛད་མྱོང་བ་མ་ཟད། གསུང་ངག་རིན་པོ་ཆེན་ལམ་འབྲས་གཙོས་པའི་སྙན་རྒྱུད་ཀྱི་གདམས་ངག དབང་ལུང་ཁྲིད་སོགས་སྨིན་གྲོལ་གྱི་ཟབ་ཆོས་རྒྱ་ཆེར་སྤེལ། ཁྲི་ཆེན༣༦་པ་སོགས་སློབ་ཚོགས་ཤིན་ཏུ་མང་པོ་བསྐྱངས། ཁྲི་ཆེན༣༦པ་ནི་འཇམ་མགོན་ཨ་མེས་ཞབས་ངག་དབང་དབང་ཀུན་དགའ་བསོད་ནམས༼༡༥༩༧--༡༦༥༩༽་ཀྱི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་མཚན་ཡང་ངག་དབང་ཀུན་དགའ་བསོད་ནམས་ཤེས་གསོལ། དེར་བརྟེན་གུ་རུ་པདྨ་ཀ་རའི་ཐུགས་སྲས་ཀྱི་གྲས་སྣ་ནམ་རྡོ་རྗེ་བདུད་འཇོམས༼༧༥༠--?༽་དང་། ཐེག་ཆེན་ཆོས་ཀྱི་རྒྱལ་པོ༼༡༣༤༩--༡༤༢༥༽། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ༼༡༤༣༢--༡༤༩༦༽། ངག་དབང་ཀུན་དགའ་རྒྱལ་མཚན༼གོང་གསལ༽་སོགས་ཀྱི་ཡང་སྲིད་དུ་ཡང་ངོས་འཛིན་བྱེད་ཆོག

ཁོང་བཀྲ་ཤིས་པའི་རྟགས་མཚན་དུ་མ་དང་བཅས་ཏེ་སྐུ་འཁྲུངས། བཙས་སྟོན་ལ་ཚེ་ལྷ་རྣམ་དགུ་དང་ཞི་རྒྱས་ཀྱི་སྒྲུབ་ཆེན་མང་པོ་ཚོགས། སྐུ་ན་ཆུང་དུས་ནས་ཡི་གེའི་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། ཡི་དམ་ཕུར་པ། ཀྱེ་རྡོར། རྡོ་རྗེ་རྣལ་འབྱོར་མ། འཁོར་ལོ་བདེ་མཆོག གསང་འདུས། འཇིགས་བྱེད། མ་ཧ་ཀ་ལ་ཆེ་ཆུང་སོགས་ཀྱི་འདོན་ཆོག་ཕྱག་ལེན་དང་བཅས་པར་བྱང་ཆུབ་པར་མཛད། ཡབ་ཆོས་སྐྱོང་བའི་རྡོར་འཛིན་ཚད་ལ་འཕེར་བར་གྱུར། ཁྲི་འཛིན༣༣པ་པདྨ་བདུད་འདུལ་དབང་ཕྱུག་ལས་ལམ་འབྲས་ཚོགས་བཤད་དང་། སྒྲུབ་ཐབས་བརྒྱ་རྩ་སོགས་དབང་ཆེན་དང་། རྗེས་གནང་། བྱིན་རླབས་རྒྱ་ཆེ་དང་། ཡབ་ལས་ཕུར་པ་སྟོད་ལས་བྱང་ཆུབ་སྒྲུབ་པ་སྨད་ལས་དགྲ་བགེགས་བསྒྲལ་བ། གུར་དྲག ཁྲོ་བོ་རྣམ་གསུམ་སོགས་དུ་མ་དང་། ཁྲི་འཛིན༣༥པ་ཁྲི་ཆེན་བཀྲ་ཤིས་རིན་ཆེན༼༡༨༢༤--༡༨༦༥༽། རྟ་མགྲིན་དབང་མོ༼གོང་གསལ༽་སོགས་ལས་གསེར་ཆོས་བཅུ་གསུམ་དང་གཞན་ཡང་ཆོས་བཀའ་དཔག་ཏུ་མེད་པ་མནོས་ཏེ། རྒྱུད་སྡེ་རབ་འབྱམས་རྒྱ་མཚོའི་མངའ་བདག་གྱུར།

བསམ་ཡས་ཆོས་སྐྱོང་གི་ལུང་བསྟན་ཞིག་ལ། སྤྲེའུ་བྱང་ཆུབ་སེམས་དཔའ་ཤིང་གི་རྩེ་མོར་འཛེགས།། སྟག་གི་ལོ་ལ་སྟག་གི་རྒྱལ་མཚན་འཛུགས།། ཤེས་གསུངས་པར་ལྟར། དམ་པ་འདི་ཉིད་སྤྲེལ་ལོར་འཁྲུངས་པ་དང་སྟག་ལོར་ཁྲི་འཛིན་དུ་མངའ་གསོལ། བཀྲཤིས་རྟེན་འབྱུང་གི་ཚེས་བཟང་ལ། འཇམ་མགོན་བླ་མ་ཆོས་རྗེ་ས་སྐྱ་པཎྚི་ཏའི་བཞུགས་ཁྲི་མི་འཇིགས་གདོང་ལྔ་བཏེགས་པ་ལ་ཞབས་སོར་བཀོད། ཆོས་སྲིད་ལས་ཀྱི་སྣེ་མོ་བ་གཙོས་དད་ལྡན་སྐྱ་སེར་ཀུན་གྱིས་མཆོད་འབུལ་རྒྱ་ཆེར་བྱས།

དེའི་རྗེས་སུ་གོང་ས་བཅུ་གཉིས་པ་ཆེན་པོ་རྒྱལ་བ་འཕྲིན་ལས་རྒྱ་མཚོའི་༼༡༨༥༦–༡༨༧༥༽སྐུ་མདུན་ཆེད་དུ་བཅར། ཕན་ཚུན་ཐུགས་འདྲིས་ཆེན་པོར་གྱུར། ལྷ་ལྡན་དུ་བཞུགས་རིང་། དགའ་ལྡན་ཕོ་བྲང་གིས་བདུད་བཟློག་གི་སྒྲུབ་ཆེན་དུ་གདན་དྲངས་པར་ལྟར་ཕྱག་ཕེབས། མཚན་མོར་བགེགས་བསྐྲད་ཀྱི་སྐབས་སུ། རྔ་སྒྲ་དྲག་པོ་དང་ལྷན་དུ་མི་རྣམས་ཀྱིས་ངུ་འབོད་ཐོས་ཤིང་གདོན་གྱི་གཟུགས་བརྙན་ཡང་མཐོང་། གློ་བུར་དུ་རླུང་དམར་འཚུབས། ས་རྡོ་བར་སྣང་ལ་ཁྱེར། རླུང་འཚུབས་ལྷ་ཁང་དུ་ཡང་བྱུང་། གདོན་གཟུགས་དེ་རླུང་གིས་དམ་དུ་འཁྱུད་དེ་ཡལ་སོང་བར་ཀུན་གྱིས་མཐོང་། གཏོར་བཟློག་གི་ཚེ། མེ་ལྕེ་དྲག་ཏུ་འབར། ཉེ་གནས་རྣམས་ཀྱིས་བཀག་ཀྱང་མ་ནུས་པར། མེའི་དཀྱིལ་ལ་དྲང་ཐད་དུ་བྱོན། མཐར་ཞུགས་ཀྱིས་ཅི་ཡང་མ་གནོད་པར་ཐོན། དེར་ཡོད་ཀུན་གྱིས་དད་པ་ཚད་མེད་སྐྱེས། དེའི་ཚེ་ལ། མི་རྣམས་ཀྱིས་མེ་དཔུང་གི་ཁྲོད་དུ་ཆོས་སྲུང་འབག་མོ་རྣམ་གཉིས་གར་སྟབས་བསྒྱུར་བར་མཇལ། དེ་ནི་ཕུན་ཚོགས་ཕོ་བྲང་གི་འབག་མོའི་འཆམ་བྱུང་བའི་འགོའོ།

ལྷ་ས་རུ་བཞུགས་སྐབས་དམ་པ་འདི་ཉིད་ད་དུང་བོད་ཀྱི་གསོ་བ་རིག་པའི་གསར་རྙིང་གི་སྲོལ་གཉིས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་རྒྱ་ཆེ་མཛད། སླར་གདན་ས་ས་སྐྱའི་གཙུག་ལག་ཁང་དུ་ཞབས་སོར་འཁོད།

ས་སྐྱ་རུ་ཁོང་གིས་གཙུག་ལག་ཁང་ཆེན་མོའི་སྐུ་གསུང་ཐུགས་ཀྱི་རྟེན་མཆོག ལྡེབས་བྲིས། ཐང་ཀ་སོགས་ཞིག་གསོ་དང་གསར་བཞེངས་མང་པོ་མཛད། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ཟམ་མ་ཆད་པ་བསྐོར། ཕྱོགས་མཐའ་ཀུན་ནས་འདུས་པའི་གདུལ་བྱ་རྣམས་ཀྱི་རེ་བ་བསྐོང་ཞིང་སྨིན་གྲོལ་ལ་བཀོད། སྒྲོལ་མ་ཕོ་བྲང་གི་སྐྱབས་མགོན་ཁྲི་འཛིན༣༧པ་ཀུན་དགའ་སྙིང་པོ་བསམ་འཕེལ་ནོར་བུ༼༡༨༥༠–༡༨༩༩༽་དང་སྐུ་ཡི་གཅུང་པོ་དཔལ་ལྡན་ཕྱོགས་ཀྱི་གླང་པོ༼༡༨༤༤--༡༨༦༦༽། ཁྲི་འཛིན༣༩པ་དྲག་ཤུགས་འཕྲིན་ལས་རིན་ཆེན༼༡༨༧༡–༡༩༣༦༽་གཙོས་པའི་ཕོ་བྲང་གཉིས་ཀྱི་གདུང་སྲས་དང་རྗེ་བཙུན་མ་རྣམ་པ་སོགས་མཁས་ཤིང་གྲུབ་པའི་སློབ་ཚོགས་ཤིན་ཏུ་རྒྱས།

རྟག་འཛིན་སྙོམ་ལས་ཅན་རྣམས་དམ་པའི་ཆོས་ལ་བསྐུལ་བའི་ཕྱིར། ཕྱི་ལོ༡༨༨༢ལོར་ཟབ་མོ་འཕོ་བའི་གདམས་པ་ལ་བརྟེན་ནས་རེ་ཞིག་ཆོས་དབྱིངས་འོད་གསལ་གྱི་ཀློང་དུ་གཟུགས་སྐུའི་བཀོད་པ་ཐིམ། སྐུ་གདུང་ཞུགས་འབུལ་བྱས་རྗེས་གདུང་རུས་དང་རིང་བསྲེལ་བཞག་པ་དག་རྗེས་འཇུག་རྣམས་ཀྱིས་གདུང་རྟེན་མཆོད་པའི་ཞིང་དུ་གདན་དྲངས་ཏེ་བཞུགས་སུ་གསོལ་བར་མཛད།

སྐུ་ཡི་གཅུང་པོ་བདག་ཉིད་ཆེན་པོ་དཔལ་ལྡན་ཕྱོགས་ཀྱི་གླང་པོ་ནི་གཅེན་མོ་རྗེ་བཙུན་མ་རྟ་མགྲིན་དབང་མོ་དང་ལྷན་ཅིག་མདོ་ཁམས་ཕྱོགས་སུ་ཞབས་ཀྱིས་བཅགས། ཟབ་ཆོས་དུ་མ་གསན་བསམ་གྲུབ་ནས་གཙང་ས་སྐྱ་རུ་སྤེལ་འཆར་མཛད་ཀྱང་། དཔལ་ལྡན་ཕྱོགས་ཀྱི་གླང་པོ་ཏྲེ་ཧོར་གླང་ནག་དགོན་དུ་བཞུགས་སྐབས་ས་ཡོམ་གྱི་འོག་ཏུ་སྐུ་གཤེགས། རྗེ་བཙུན་མ་རྟ་མགྲིན་དབང་མོ་དང་སྐལ་བཟང་བསྟན་འཛིན་དབང་མོ་ཟུང་གིས་སྐུ་གདུང་ཞུགས་འབུལ་སོགས་འདས་རྗེས་ཀྱི་བྱ་བ་ལེགས་པར་སྒྲུབ། སླར་ཡང་མུ་མཐུད་དེ་ལོ་གྲངས་དུ་མར་མདོ་ཁམས་ཀྱི་ཕྱོགས་མཐའ་དག་ཏུ་ཕེབས། སྐལ་ལྡན་གྱི་གདུལ་བྱ་མཐའ་ཡས་པ་ལ་སྨིན་གྲོལ་གྱི་བདུད་རྩི་ཕངས་མེད་བསྩལ་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར།

ངག་དབང་ཀུན་དགའ་བསོད་ནམས་ཀྱི་བདག་མོ་ནི་འཆི་མེད་བཀྲ་ཤིས་དཔལ་གྱི་བུ་ཁྲིད་ཡིན་ཅིང་། སྐུ་ཡི་གདུང་སྲས་གཉིས་དང་རྗེ་བཅུན་མ་དྲུག་ཡོད་ལ། ཀུན་ཀྱང་མཁས་གྲུབ་གཉིས་ལྡན་གྱི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཤ་སྟག་བྱོན། གདུང་སྲས་སྐུ་གཞོན་འཇམ་དབྱངས་དངོས་གྲུབ་རྒྱ་མཚོས༼༡༨༦༥--༡༩༠༠༽་བཤད་སྒྲུབ་ལས་གསུམ་གྱི་འཕྲིན་ལས་རྒྱ་ཆེ་བསྐྱངས། མངའ་རིས་འཁོར་ཆགས་དགོན་པ་དང་ལྷ་སྔགས་མཚོ་རུ་རྫུ་འཕྲུལ་བསྟན་པ་ལས་གྲགས་པ་ཁྱབ་གདལ་དུ་བྱུང་། གདུང་སྲས་སྐུ་བགྲེས་ནི་ཁྲི་འཛིན༣༨པ་འཛམ་གླིང་ཆེ་རྒུ་དབང་སྡུད་འདི་ཉིད་ལགས།

འཛམ་གླིང་ཆེ་རྒུ་དབང་སྡུད།

ཇི་སྐད་དུ་ས་སྐྱ་པཎྚི་ཏའི་སྨོན་ལམ་ལས། འཁྲུངས་ཚེ་འཇིག་རྟེན་འོད་ཀྱིས་ཁྱབ།། ཡུམ་ལ་མ་གནོད་བདེ་བའི་རྣམ་པ་རྒྱས།། ཞེས་ལུང་བསྟན་པར་ལྟར། དགེ་བའི་རྟགས་མཚན་དུ་མ་དང་བཅས་ཏེ་སྐུ་འཁྲུངས། བཙས་སྟོན་དུ་ཁྲི་ཆེན་བཀྲ་ཤིས་རིན་ཆེན་གྱིས་ཚེ་དབང་གནད་ལ་སྨིན་པར་བསྩལ། གདན་ས་རུ་བསྐང་འཕྲིན་གཏང་རག་ཤིན་ཏུ་རྒྱས་པ་ཚོགས།

དོན་ལ་རྡོ་རྗེ་འཆང་དངོས་དང་ཐ་མི་དད་ཀྱང་། ཐུན་མོང་གདུལ་བྱའི་སྣང་ངོར་སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས་པའི་ཚུལ་བསྟན། བྱིས་པ་ཕལ་གྱི་སྤྱོད་ཡུལ་ལས་རིང་ནས་འདས་པ། ལྷན་སྐྱེས་ཀྱི་དམ་པའི་ཡོན་ཏན་དུ་མ་མངོན་པར་གསལ་བ། རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པ་ཚེགས་མེད་པར་ཐུགས་སུ་ཆུབ། གོང་མ་རིམ་བྱོན་ལྟར། བྱིས་པའི་དུས་ནས་གདན་སའི་ཕུར་པའི་སྒྲུབ་ཆེན་གྱི་རྡོར་སློབ་མཛད། ཡབ་ལས་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་དབང་ལུང་ཁྲིད་མན་ངག་དང་བཅས་པ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་གྱིས་གསན་བསམ་སྒྲོ་འདོགས་དཔྱིས་ཕྱིན་པར་མཛད།

དབང་གང་དང་གང་གསན་བཞེས་གྲུབ་རྗེས། དེའི་ཟབ་མོ་བསྐྱེད་རྫོགས་ཀྱི་རིམ་པར་སྒྲུབ་བརྩོན་གྱིས་བསྐུལ་ནས་ཐུགས་ཉམས་སུ་བླངས། མཐར་ཡི་དམ་ལྷ་ཡི་ཞལ་གཟིགས། ལུང་བསྟན་ཐོབ། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ཕྱེད། སྣང་སྲིད་ཐམས་ཅད་དབང་དུ་སྡུད་དེ་རྣལ་འབྱོར་གྱི་དབང་ཕྱུག་བིར་ཝ་པ་དང་གཉིས་སུ་མེད་པར་གྱུར།

ཁྲི་འཛིན་འདི་ཉིད་ང་ཚོ་ཕུན་ཚོགས་ཕོ་བྲང་གི་བཀའ་སྲུང་དམག་ཟོར་རྒྱལ་མོ་དང་སྒོས་འབྲེལ་ཁྱད་པར་བ་ལྡན་ཏེ། ལན་ཞིག་བསམ་གླིང་མགོན་ཁང་དུ་བསྐང་གསོ་འཚོགས་བཞིན་པའི་སྐབས་ལ། དམག་ཟོར་མ་དངོས་སུ་མདུན་དུ་ཕེབས་ཏེ་ཞལ་ནས། ས་འདི་ལ་ལྡིང་ན་ལྡིང་འདོད་མེད།། ཆུ་འདི་ལས་འདའ་ན་ང་མི་འགྲོ།། གསུངས་ཏེ་བླ་མ་མྱ་ངན་ལས་མི་འདའ་བ་བཞུགས་སུ་གསོལ་བ་དང་འཕྲིན་ལས་ཀྱི་གྲོགས་དན་ཅི་ནུས་སྒྲུབ་པའི་དོན་ནོ། སྒྲུབ་ཆེན་ཞག་འགའ་ཚོགས་རྗེས། ཉིན་མཐའ་མ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཟློས་གར་ཞིག་ཏུ། རྟེན་འབྲེལ་ལ་དགོངས་ཏེ་བདག་ཉིད་ཆེན་པོ་འཛམ་གླིང་ཆེ་རྒུ་དབང་སྡུད་ཀྱིས་བློན་པོ་མགར་སྟོང་བཙན་གྱི་ཆས་གསོལ། དེའི་ཚེ་ཉེ་གནས་ཀྱིས་ཁོང་གི་བཞེས་དཀར་ལ་གསོལ་ཆང་བསྐངས་ནས་ཕུལ། ཧུབ་ཅིག་གིས་ལྷག་ལུས་མེད་པར་བཞེས། སླར་ཡང་བསྐང་དུ་བཅུག ཇི་ཙམ་བསྐངས་ཀྱང་ཕྱིར་མི་བོར་བ། བཞེས་ཕོར་གྱི་མཐའ་མཚམས་ལས་བརྒལ་ཡང་ཡམ་ཡོམ་མེད་པ་དེར་བཞུགས་ཀུན་གྱིས་མཐོང་། ཀུན་ཀྱང་ཡ་མཚན་སྐྱེས། དད་གུས་རབ་ཏུ་འཕེལ། ལོ་དེར་རྗེ་འདི་ཉིད་ཀྱི་ནུས་མཐུ་དང་ཐུགས་རྗེའི་བྱིན་རླབས་ལས་འབངས་ལ་འབྱོར་བ་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྙེད། ཞལ་སློབ་དད་དམ་ཅན་ཀུན་གྱིས་དམ་པ་འདི་ཉིད་འཁོར་འདས་དབྱེར་མེད་ཀྱི་བཙན་ས་ཟིན། གྲུབ་པ་མཆོག་ལ་དབང་འབྱོར་བར་ངེས་ཤེས་ཕྱིར་མི་ལྡོག་པར་སྐྱེས།

ཡང་ལན་ཞིག ཕྱི་རྒྱལ་བ་གཉིས་ས་སྐྱ་རུ་འབྱོར། འཛམ་གླིང་ཆེ་རྒུ་དབང་སྡུད་དང་སྐུ་འཁོར་ལྷན་རྒྱས་ལ་པར་མང་པོ་བརྒྱབ། པར་ཐམས་ཅད་ཤིན་ཏུ་གསལ་ཡང་བླ་མའི་སྐུ་བརྙན་ནི་ཅི་ཡང་མི་མངོན་པར་འདུག དེ་གཉིས་ཧང་སངས་བའི་ཚེ། བླ་མའི་ཞལ་ནས། དགོད་སྒྲ་ཧ་ཧ་དང་བཅས་ཏེ་ཁྱེད་ཚོས་ང་ལ་པར་རྒྱག་ན་རུང་དང་མི་རུང་ཙམ་ཡང་མ་དྲིས་པས་ལན་ཡིན་གསུངས། དེས་ན་ཅུང་ཟད་ཅིག་མིན་ན་ང་ཚོས་ཁོང་གི་སྐུ་པར་མཇལ་རྒྱུའི་རེ་བ་ཡོད་རེད།

སྟོད་མངའ་རིས་ལ་ཡོད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དགོན་པ་ཞིག་ཏུ་ཕེབས་དུས། ཆུ་བོ་ཆེན་པོ་ཤིན་ཏུ་ཤུགས་དྲག་ལ་འབབ་མྱུར་བ་ཞིག་གིས་ལམ་བཀག་པ་ན། རྫུ་འཕྲུལ་གྱིས་ཆུ་བོ་ལྡོག སྐྱེ་འགྲོ་མང་པོ་ཤྭ་འོད་ཀྱི་འཇིགས་པ་ལས་བསྐྱབས།

ཕྱི་ལོ༡༩༠༡ལོར་མངའ་གསོལ་ཁྲི་སྟོན་གཟབ་ཅིང་རྒྱས་པའི་ངང་ཁྲི་འཛིན་ལ་བཀོད། ཆོས་སྲིད་ལས་ཀྱི་སྣེ་མོ་དད་ལྡན་སེར་སྐྱ་ཡོངས་ནས་མཆོད་འབུལ་རྒྱ་ཆེར་བྱས། དད་རྫས་ཆུད་ཟོས་སུ་མ་གཏོང་བར། གདན་ས་ས་སྐྱའི་ལྷ་ཁང་ཆེན་མོ་ཡོངས་སུ་ཞིག་གསོ་མཛད། དེ་ཙམ་མ་ཟད་པར། གོ་ཐོས་སུ་ཁོང་གིས་དེང་རབས་ཅན་གྱི་གསར་གཏོད་འགའ་ཡང་མཛད་པར་གྲགས། ཐོག་མར་ཀླན་ཀ་ལངས་ཀྱང་མཐར་ལེགས་གྲུབ་བྱུང་འདུག དེ་དག་ངེད་ཇི་བཞིན་དུ་མི་ཤེས་མོད། དེང་རབས་ཅན་གྱི་ཆུ་ཡུར་མ་ལག་གསར་འཛུགས་གནང་བ་ནི་ཕྱི་རྒྱལ་ཡུལ་སྐོར་བ་ལས་སྦྱངས་བར་ངེས། མདོར་ན་གཞན་ཕན་སྙིང་རྗེའི་དབང་གིས། ཁོང་གིས་ས་སྐྱའི་སེར་སྐྱ་མི་མང་གི་འཚོ་བ་ཡར་རྒྱས་གཏོང་བར་ལྷག་བསམ་དང་ཕྱག་རྗེས་ཤིན་ཏུ་ཆེ།

མཐར་ཕྱི་ལོ༡༩༡༦ལོར་ངོ་མཚར་བའི་རྟགས་དུ་མ་དང་བཅས་ཏེ་དགོངས་པ་རྫོགས་པའི་ཚུལ་བསྟན། ལ་ལས་ཁོང་ཟངས་མདོག་དཔལ་གྱི་རི་ལ་གཤེགས་སོང་ཟེར། སྒྲོལ་མ་ཕོ་བྲང་གི་གཉེར་པ་ཟུར་པ་མཁས་གྲུབ་ཞུ་བ་དེ་ཕུན་ཚོགས་ཕོ་བྲང་རྗེ་འདི་ཡི་གཟིམ་སྤྱིལ་དུ་བཅར། གཟིམ་ཁང་གི་ཐོག་པང་ལ་འཇའ་འོད་ཀྱི་གུར་ཁྱིམ་འཁྲིགས་པའི་དབུས་སུ་གུ་རུ་རིན་པོ་ཆེ། ཆོས་རྒྱལ་དང་མཁན་པོ་ཞི་བ་ཚོ་འཁོར་གྱི་ཚུལ་དུ་བཞུགས་པར་མཇལ། དེ་མིན་འཛམ་གླིང་ཆེ་རྒུ་དབང་སྡུད་རང་ཉིད་ཀྱང་བསམ་ཡས་ཆོས་འཁོར་གླིང་གུ་རུ་ང་འདྲ་མའི་མདུན་དུ་དེ་བཞིན་ཞལ་ཆེམས་བཞག དེ་མ་ཐག་པར་གུ་རུའི་སྐུ་ལས་འཇའ་ཚོན་སྣ་ལྔ་མདའ་ལྟར་འཕྲོས་པར་མང་པོས་མཇལ།

དོན་དངོས་ལ་ང་ཚོའི་ཡབ་མེས་དམ་པ་ངག་དབང་མཐུ་སྟོབས་དབང་ཕྱུག་གིས་ཡབ་ཤམྦྷ་ལ་ཡི་ཞིང་དུ་ཕེབས་བསྐྱལ་ཞུས། འཛམ་གླིང་ལ་སྔར་མཐོང་མ་མྱོང་བའི་མེ་ཏོག་ཞིག་བསྣམས་ཏེ་ཕྱིར་ལོག དེས་ན་འཛམ་གླིང་ཆེ་རྒུ་དབང་སྡུད་མཐར་ཤམྦྷ་ལ་ཡི་ཞིང་ལ་ཕེབས་པར་འདྲ། རྗེས་འཇུག་སློབ་འབངས་རྣམས་ཀྱིས་དམ་པ་གང་གི་སྐུ་བརྙན་དང་རིང་བསྲེལ་བཞུགས་པའི་གདུང་རྟེན་བཞེངས།

ཁོང་ནི་འཁོན་རིགས་ཕུར་པ་གྲུབ་པའི་སྐྱེས་ཆེན་ཡིན་ཞིང་། ཞལ་ཐང་དག་ཏུ་ཕྱག་གཡས་པར་ཕྱག་མཚན་ཕུར་པ་གསོལ་བའི་རྣམ་པར་བཞུགས། ཁོང་གི་སྒྲུབ་ཕུར་རིན་ཐང་གཞལ་པར་དཀའ་བ་དེ་དུས་འགྱུར་སྐབས་བོད་ནས་ཕྱི་རོལ་དུ་ཐར། ད་ལྟར་ང་ལ་རྒྱུན་ཁྱེར་དུ་ཡོད་པ་དེའོ།

འཛམ་གླིང་ཆེ་རྒུ་དབང་སྡུད་དང་བདག་མོ་ཐོ་མི་ཆོས་ཉིད་དབང་མོ་གཉིས་ལ་གདུང་སྲས་གཉིས་འཁྲུངས། སྐུ་བགྲེས་ཡབ་མེས་ངག་དབང་མཐུ་སྟོབས་དབང་ཕྱུག༼༡༩༠༠--༡༩༥༠༽་ནི་ས་སྐྱ་ཁྲི་འཛིན༤༠་པ་དང་། སྐུ་གཞོན་ནི་ཐུབ་བསྟན་མཁས་གྲུབ་རྒྱ་མཚོ་ཡིན་ལ།

ང་ལ་ཐུབ་བསྟན་མཁས་གྲུབ་རྒྱ་མཚོའི་རྣམ་ཐར་ལག་ཏུ་མ་སོན་པས་ན། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མ་ཤེས་མོད། དགུང་ལོ་བགྲེས་པ་དག་གི་ངག་རྒྱུན་ལ། ཁོང་ཐ་མལ་པའི་བློ་ལ་མི་ཆུབ་པའི་ཐོ་ཅོའི་སྤྱོད་པ་སྣ་ཚོགས་མཛད་མཁན་ཞིག་ཡིན་པར་ཤེས་ཐུབ། རྒྱུན་དུ་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན་དང་ལྷན་ཅིག་དགོན་པའི་སྒྲིག་ཁྲིམས་ལས་འདས་ཏེ་ཕྱི་རོལ་ཏུ་འཁྱམས་མྱུལ་བྱས། སྤྱོད་པ་ཡ་མ་ཟུང་བསྟན་ནའང་གྲུབ་ཐོབ་དངོས་ཡིན། སྐུ་ན་གཞོན་པའི་སྐབས་སུ་ཐོས་བསམ་བསྒོམ་གསུམ་ལྷུར་བརྩོན་མཛད། ཆང་ཁང་དུ་གསོལ་ཆང་ཇི་ཙམ་བཞེས་ཀྱང་རག་བཟི་བའི་རྣམ་པ་ཡེ་མེད། མི་རྣམས་ཧ་ལས་པར་གྱུར། གདན་ས་ས་སྐྱ་རུ་སྒྱུ་ལུས་དུ་མ་སྤྲུལ་པར་སྣང་། ཉིན་ཞིག་གྲོང་ཁྱེར་ལ་ཕེབས། མི་རྣམས་ལ་གོད་ཆགས་ཆེན་པོ་འབྱུང་རན་འདུག་གསུངས། ཀུན་གྱིས་རེ་དོགས་རེ་ཡིད་ཆེས་ཀྱི་ངང་ནས་འོ་ན་བཟློག་ཐབས་ཇི་ལྟར་ལགས་ཞུས་པ་ལ། ཞབས་ལྷམ་ཡ་གཅིག་ཕུད་དེ་དེ་ཟུངས་ཤིག་བསྒོས་ཏེ་ཕེབས། ཕྱི་ཉིན་ས་རུད་ཆེན་པོ་བྱུང་། གྲོང་པ་ཡོངས་སུ་ས་རུད་འོག་ཏུ་བརླག་ཉེན་ཡོད་པ་ལ། གྲོང་མི་ཀུན་བྱ་གཏོལ་མེད་པར། མཐར་ཞབས་ལྷམ་ཡ་གཅིག་ས་རུད་ཀྱི་ཕྱོགས་སུ་འཕངས། བསམ་ཡུལ་ལས་འདས་པ་ཞིག་ལ་ས་རུད་དེ་མ་ཐག་ཏུ་ཆད་པས་གྲོང་པ་ཉེན་ལས་ཐར། ད་དུང་ཁོང་གི་མཛད་སྤྱོད་ཡ་མཚན་ཆེ་བ་ཁ་ཤས་འདུག

ཁྱེད་ལ་ཕུན་ཚོགས་ཕོ་བྲང་གི་གདུང་རབས་མདོ་ཙམ་ངོ་སྤྲོད་བྱས་པ་ལ་བརྒྱུད་ནས་བསམ་གཞིགས་འགའ་སློང་ཐུབ་པའི་རེ་བ་བཅོལ་ཡོད། བསམ་གཞིགས་ཙམ་ལ་ངོ་མཚར་བ་གང་ཡང་མེད་ཀྱི། ཡིན་ནའང་དེ་ལ་བརྟེན་ནས་ཡབ་མེས་བརྒྱུད་པའི་བླ་མ་རྣམས་ཀྱི་རྗེས་སུ་བཞུགས། མཁྱེན་བརྩེ་ནུས་པའི་གཏེར་སྒོ་འབྱེད། སྐྱེ་འགྲོ་ཀུན་ལ་འཕྲལ་ཕུགས་ཀྱི་བདེ་བ་རེ་སྟེར་ཐུབ་ན་དེ་ཡང་ཤིན་ཏུ་འོས་པར་སྙམ།

ངག་དབང་མཐུ་སྟོབས་དབང་ཕྱུག

གཅུང་ལ་སྤྲིངས་པའི་འཕྲིན་ལས་བཏུས།

ང་ཚོའི་ཡབ་མེས་དམ་པ་ངག་དབང་མཐུ་སྟོབས་དབང་ཕྱུག་སྟེ་ས་སྐྱ་ཁྲི་འཛིན༤༠པ་ཁོང་ནི། ཕྱི་ལོ༡༩༠༠ལོར་ཡབ་འཛམ་གླིང་ཆེ་རྒུ་དབང་སྡུད་དང་ཡུམ་ཐུ་མི་སམ་བྷོ་ཊའི་རིགས་རྒྱུད་སྒེར་ཐོན་པའི་སྲས་མོ་ཆོས་ཉིད་དབང་མོ་གཉིས་ཀྱི་སྲས་སུ་ས་སྐྱ་ཕུན་ཚོགས་ཕོ་བྲང་དུ། ཡུམ་ལ་ན་ཟུག་ཅང་མེད་པ། བཀྲ་ཤིས་པའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། ཡབ་ཀྱིས་ངག་དབང་མཐུ་སྟོབས་དབང་ཕྱུག་དྲག་ཤུགས་ཡོན་ཏན་རྒྱ་མཚོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་མཚན་གསོལ།

ཁོང་གཞུང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་མཁྱེན་པའི་གཏེར་རྒྱ་གྲོལ། མདོ་སྔགས་གང་ལ་ཡང་ཆགས་ཐོགས་མི་མངའ་བ། ཁྱད་པར་དུ་སོ་བྱང་སྔགས་ཀྱི་སྡོམ་པ་ཚུལ་བཞིན་དུ་སྲུང་བས་ལྷག་ལྟུང་གི་ཉེས་བྱས་ཕྲ་མོའང་མ་གོས་པའི་རྣམ་པར་ཐར་པ་འདི་ཁོ་ན་ཡང་ཀུན་གྱི་དད་པའི་གསོས་སུ་གྱུར། སྣང་གྲགས་རིག་སོགས་འཁོར་འདས་ཀྱི་ཆོས་ཡོད་དོ་ཅོག་ལྷ་སྔགས་ཆོས་སྐུའི་ངོ་བོར་རྟོགས། སྐྱེ་འགྲོ་ཀུན་ལ་ཕན་བདེ་མཐའ་ཡས་པར་བསྒྲུབས་ཤིང་། ལུང་རྟོགས་ཀྱི་བསྟན་པ་གོང་ནས་གོང་དུ་སྤེལ་བའི་སྐྱེས་བུ་ཆེན་པོར་གྱུར།

སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེའི་གཏེར་ཆོས་དུ་མ་ལས། དམ་པ་འདི་ཉིད་ཀྱི་གོང་མ་ནི་རིག་འཛིན་ཆེན་པོ་བརྒྱད་ཀྱི་ཡ་གྱལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་བདག་ཨ་ཙ་རྱ་འཇམ་དཔལ་བཤེས་གཉེན། པཎ་ཆེན་བི་མ་ལ་མི་ཏྲ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གུ་རུ་ཆོས་དབང་སོགས་སྔ་ཕྱི་སྐྱེས་རབས་བཅུ་གཉིས་སོང་། བཅུ་གསུམ་པ་ནི་འཇམ་དབྱངས་མཁྱེན་བརྩེ་དབང་པོ༼༡༨༢༠--༡༨༩༢༽་ཡིན་ལ།

ཡང་རྡོ་རྗེ་དྲིལ་བུ་པ། ནགས་ཀྱི་རིན་ཆེན། པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། རྗེ་བཙུན་གྲགས་པ་རྒྱལ་མཚན། དྭགས་པོ་ལྷ་རྗེ་ཟླ་འོད་གཞོན་ནུ། ཀློང་ཆེན་རབ་འབྱམས་པ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། རྒྱལ་བ་དགེ་འདུན་གྲུབ་པ། ལྷ་བཙུན་ནམ་མཁའ་འཇིགས་མེད། ངོར་ཁྲི་པ་ཐར་རྩེ་མཁན་པོ་ནམ་མཁའ་འཆི་མེད་བཅས་ཀྱི་སྐྱེ་བའང་བཞེས། མཐའ་མ་བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཡིན།

འཇམ་དབྱངས་མཁྱེན་བརྩེ་དབང་པོ་དགོངས་པ་གཞན་དོན་དུ་གཤེགས་པའི་ཚེ། སྤྲུལ་གཞི་གནས་མཆོག་རི་བོ་རྩེ་ལྔར་བཞུགས་པའི་པཎ་ཆེན་བི་མ་ལ་མི་ཏྲའི་ཐུགས་ཀར་ཐིམ། སླར་ཡང་སྤྲུལ་པའི་རོལ་བ་ལྔ་སྤྲུལ་ཏེ་འགྲོ་དོན་མཛད། ངག་དབང་མཐུ་སྟོབས་དབང་ཕྱུག་ནི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་པ་ལྔ་ཡོད་པ་ལས་གསུང་གི་སྤྲུལ་པ་ཡིན་པར་གཏེར་ཆོས་ཀྱི་ལུང་བསྟན་ཤིན་ཏུ་གསལ་པོ་ཡོད་པར་མ་ཟད། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས༼༡༨༡༣--༡༨༩༩༽དང་རྡོ་གྲུབ་ཆེན་བསྟན་པའི་ཉི་མ༼༡༨༦༥--༡༩༢༦༽སོགས་སྐྱེས་ཆེན་དག་གིས་ངོས་བཟུང་གཅིག་གྱུར་བྱུང་། དགུང་ལོ༦པར་ཡི་གེའི་འབྲི་ཀློག་ལེགས་པར་ཚེགས་མེད་དུ་མཁྱེན། འབག་མོའི་ཁ་ལོ་ཡང་བསྒྱུར་ཐུབ། ཡོངས་འཛིན་དཔོན་སློབ་གྲགས་པ་རྣམ་རྒྱལ་བསྟེན་ཏེ་ཆོ་ག་ཕྱག་ལེན། གར་འཆམ། འབུད་དཀྲོལ་རྡུང་གསུམ། དཀྱིལ་འཁོར་གྱི་ཐིག་རྩ་སོགས་ཐུགས་སུ་ཆུབ་པར་མཛད།

སྔ་ཕྱི་རིམ་པར་ཡབ་འཛམ་གླིང་ཆེ་རྒུ་དབང་སྡུད་དང་ཁྲི་འཛིན༣༩པ་དྲག་ཤུགས་འཕྲིན་ལས་རིན་ཆེན། ཁང་གསར་མཁན་ཆེན་གཞན་ཕན་སྙིང་པོ། སྐྱབས་མགོན་འཇམ་དབྱངས་ཐུབ་བསྟན་བཟང་པོ། ངོར་ཀླུ་ལྡིང་རྒྱལ་སྲས་ཆོས་ཀྱི་ཉི་མ་སོགས་མཚན་ཉིད་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་གྱི་དྲུང་དུ། དཔལ་ལྡན་ས་སྐྱ་པ་གཙོ་བོར་གྱུར་པའི་བོད་ལ་གྲགས་པའི་གསང་སྔགས་གསར་རྙིང་གི་ཆོས་ཚུལ་རྒྱ་མཚོ་ལྟ་བུར་བུམ་པ་གང་བྱོའི་ཚུལ་གྱིས་མནོས། གྲུབ་མཐའ་དང་ཆོས་བརྒྱུད་ཀྱི་ཁ་འཛིན་དང་འཐེན་འཁྱེར་ཅི་ཡང་མེད་པ། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་གང་གསན་པའི་ཆོས་ཐམས་ཅད་ཚུལ་བཞིན་དུ་ཉམས་སུ་ལེན། འབྱུང་པོ་འདུལ་བྱེད། ཀྱེ་རྡོ་རྗེ། ཕུར་པ། རྡོ་རྗེ་གུར།

མགོན་པོ་ཞལ་བཞི་པ་སོགས་ཡི་དམ་ལྷག་པའི་ལྷ་ཡི་བསྙེན་སྒྲུབ་སྦྱིན་སྲེག་ཁ་སྐོང་དང་བཅས་པར་ཚད་དུ་འཕེར་བར་གྲུབ། ཟབ་མོ་བསྐྱེད་རྫོགས་ཀྱི་ཉམས་ལེན་ཉིན་མཚན་ཁོར་མོ་ཡུག་ཏུ་བསྐྱངས་ཏེ་ཚེ་འདའ་བར་བྱས།

ཕྱི་ལོ༡༩༣༧ལོའི་འཕྲོས་སྦྱོར་དགེ་བའི་ཉིན་ཞིག་ལ་དཔལ་ལྡན་ས་སྐྱ་རུ་ཆོས་ཀྱི་ཁྲི་འཕང་མཐོན་པོར་ཞབས་སོར་བཀོད་དེ་ཁྲི་འཛིན་མངའ་གསོལ་བྱས། དགོངས་པ་མ་རྫོགས་ཀྱི་བར་དུ་ས་སྐྱ་པའི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་ཆེན་པོ་བདག་གིར་བཞེས། ཐོག་མར་བླ་མ་དགེ་བའི་བཤེས་གཉེན་དུ་མའི་ཞལ་སྔ་ནས་དབང་ལུང་ཁྲིད་མན་ངག་དང་བཅས་པ་རྒྱ་མཚོ་ལྟ་བུ་གསན་བསམ་མཐར་ཕྱིན་པར་མཛད། བར་དུ་གང་གསན་བསམ་མཛད་པ་ཐམས་ཅད་ཐུགས་ཉམས་སུ་བཞེས། སླད་མར་སྣོད་དུ་གྱུར་པ་སྐལ་བཟང་རྗེས་འཇུག་གདུལ་བྱའི་ཚོགས་ལ་སྨིན་གྲོལ་གྱི་བདུད་རྩི་སྐུ་ངལ་ལ་ཡེ་ནས་མ་འཛེམས་པར་ཕངས་མེད་དུ་བསྩལ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བཀོད་དེ་ཀུན་གྱི་ཡིད་ཚིམས་པར་གྱུར།

རྗེ་འདི་ཉིད་ཕྱི་ཚུལ་མཁས་བཙུན་བཟང་བ་། ནང་དུ་ཟབ་མོ་རྡོ་རྗེ་རྣལ་འབྱོར་ཁོ་ན་ལ་བརྟེན་ནས་རྟོགས་པའི་གོ་འཕང་མཐོན་པོར་སོན། ལན་ཞིག་ཡུལ་ཨ་མདོ་ནས་ཕེབས་པའི་དྷི་ཕུ་ཆོས་རྗེ་སྤྲུལ་སྐུ་ལ་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་གནང་བའི་ཚེ། བླ་མའི་བྱིན་རླབས་ཀྱི་སྟོབས་ཀྱིས་སྤྲུལ་སྐུའི་རྒྱུད་ལ་རང་བྱུང་རིག་སྟོང་གི་ཡེ་ཤེས་མངོན་དུ་གྱུར། དལ་གྱིས་བཞུགས་གདན་ནས་འཕར། བར་སྣང་དུ་བཞུགས། བཞུགས་གདན་དྲག་ཏུ་གཡོ་བར་བྱུང་། དེ་ནས་བཟུང་བླ་མ་དམ་པ་ངག་དབང་མཐུ་སྟོབས་དབང་ཕྱུག་གི་མཐུ་སྟོབས་ནུས་པའི་གྲགས་པ་དཀར་པོ་ཕྱོགས་ཀུན་ཏུ་གདལ།

ཡང་དམ་པ་འདི་ཉིད་ཀྱིས་རྟ་ནག་མཁན་ཆེན་ངག་གི་དབང་ཕྱུག་ལ་གསུང་ངག་རིན་པོ་ཆེ་ལས་སྨིན་བྱེད་དགྱེས་པ་རྡོ་རྗེའི་དབང་ཆེན་བསྩལ་བ་ན། མཁན་ཆེན་གྱིས་དེ་མ་ཐག་ཏུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས།

གཞན་ཡང་ཐེངས་ཤིག་སྲིད་སྐྱོང་སྟག་བྲག་རིན་པོ་ཆེས་དབུས་ཀྱི་ཟིང་འཁྲུག་ཞི་འཇགས་ཀྱི་ཆེད་གཞུང་ས་དགའ་ལྡན་ཕོ་བྲང་དུ་གདན་དྲངས། དེའི་སྐབས་སུ་རྭ་སྒྲེང་རིན་པོ་ཆེས་སེ་ར་སོགས་ཀྱིས་རྒྱབ་སྐྱོབ་འོག་བསྐྱར་དུ་སྲིད་སྐྱོང་བླངས་པར་དགོངས། རྭ་སྟག་གཉིས་ཀྱི་ཟིང་འཁྲུག་ཞི་བའི་སླད་དུ་སྒྲུབ་ཆེན་ཚོགས། ཡུངས་དཀར་གཏོར་མ་ལ་གཏད་དེ་འཕངས། འཕྲལ་དུ་སྒྲ་ཆེན་པོ་གྲགས། བདུད་རྩི་བབས་པར་བྱུང་། དེའི་མཚན་མོར། ཀུན་ཀྱིས་འབྲུག་གྲགས་པར་ལྟ་བུའི་སྒྲ་དྲག་པོ་ཐོས། དེ་ནི་སྲུང་མ་དངོས་སུ་ཕེབས། སྨན་རག་གི་སྣོད་འབར་དུ་བཅུག ཆག་སྟེ་དུམ་བུར་གྲུམ། མཐར་ཟིང་ཆ་འཇགས་ཏེ་ཀུན་གྱི་མངོན་འདོད་ཞི་བདེ་སླར་ཡང་རྙེད།

ང་ཚོའི་རྗེ་བཙུན་སྐུ་གཞོན་གཅིག་གིས་ང་ལ་འདི་ལྟར་གསུངས་མྱོང་། ཡང་སྐབས་ཤིག་བོད་ལ་བར་ཆད་ཀྱི་མཚན་མ་མངོན་པའི་ཚེ། ཁོང་གིས་གདུང་སྲས་ཤིན་ཏུ་སྐུ་ན་ཕྲ་བ་ཡན་གྱི་ཉེ་འཁོར་ཡོད་དོ་ཅོག་ལ། ངེས་པར་དུ་ཆོས་སྐྱོང་གི་བསྐང་གསོ་འཕྲིན་བཅོལ་ཉིན་ཞག་དུ་མ་སྒྲུབ་དགོས་ཞེས་བཀའ་གསང་ནན་པོར་ཕེབས། དེའི་ཚེ་རྗེ་བཙུན་སྐུ་གཞོན་དེ་སྐུ་ན་ཕྲ་བས་བྱ་བ་གཞན་ལ་གཡེང་ནས་ཕྱི་བཤོལ་བྱས་སྙིང་འདོད། ཉིན་ལྟར་འདི་འདྲ་སྒྲུབ་ཆེན་ཡུན་རིང་ཚོགས་མ་དགོས་ན་དགའ་བ་ལགས་སྙམ། ཕྱི་ཉིན་མགོན་ཁང་དུ་ཡབ་དམ་པ་སྒུག་བཞིན་པར། ཡབ་བྱོན་ཏེ་རྗེ་བཙུན་སྐུ་གཞོན་ལ་ཕྱི་མིག་གཅིག་བལྟས། ཁྱོད་ཉིན་ལྟར་སྒྲུབ་ཆེན་ཚོགས་སྙིང་མ་འདོད་ན་ང་ཡི་བུ་མོ་མིན་ཞེས་གསུངས།

ཚིག་འདི་ཇི་འདྲ་བཙན་ཡང་ཡབ་ལ་གཞན་སེམས་ཤེས་པའི་མངོན་ཤེས་ཐོགས་པར་མེད་པ་ཡོད་པར་ཤེས་ཏེ། དུས་དེ་ནས་བཟུང་། རྗེ་བཙུན་སྐུ་གཞོན་དེས་ཀྱང་ཆོས་ཉམས་ལེན་ལ་ཤིན་ཏུ་བརྩོན་པར་གྱུར།

སྒྲུབ་ཆེན་གྱི་སྐབས་སུ། ཁོང་གིས་རྔ་བརྡུང་པ་ན་རྔ་ཡི་དབྱུ་གུ་ལ་མེ་སྟག་འཁྱུག ཏིང་ཤམ་བརྡུང་བ་ན་ཏིང་ཤམ་ལས་མེ་ལྕེ་འབར། ལྷ་ཁང་ཡོངས་སུ་གང་། སླར་ཏིང་ཤམ་ལ་བསྡུས་པར་ཉེ་འཁོར་ཀུན་གྱིས་མཐོང་། ལུས་སྦྱིན་པའི་ཡབ་ཙམ་མིན་པར། འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་དང་། དཔུང་། མགོན་གྱི་མཆོག དྲིན་ཆེན་རྩ་བའི་བླ་མ་དམ་པ་ཡིན་པའི་ངེས་ཤེས་དང་དད་པ་ཁྱད་པར་ཅན་ངང་གིས་སྐྱེས་ཟེར།

སེ་ར་དགོན་པའི་གཤམ་ལ་གདོན་འདྲེའི་སྒྲ་སྐད་འཇིགས་སུ་རུང་བ་གྲགས་པར་བརྟེན། གདན་ས་ཆེན་པོ་སེ་ར་རུ་སྦྱིན་སྲེག་ལ་གདན་དྲངས་པར་ཕྱག་ཕེབས། སྦྱིན་སྲེག་བྱས་ཏེ་རི་ཀློང་ཐམས་ཅད་སྒྲ་ཆེན་པོ་འུར་ཆིལ་ལེར་གྲགས་པར་བྱུང་། གདོན་བགེགས་མ་རུང་པའི་དཔུང་ཤུགས་ཚར་བཅད།

རྗེ་འདི་ཉིད་གཏེར་སྟོན་ཞིག་ཀྱང་ངེས་པར་ཡིན་ཏེ། དཔལ་མོ་དཔའ་ཐང་དུ་ཕེབས་དུས། རི་རྩེའི་མཆོད་རྟེན་གྱི་གམ་དུ་ཕྱིན། ས་འོག་ནས་ཆུ་བཏོན། དེའི་ཚེ་མི་རྣམས་ཀྱིས་མཆོད་རྟེན་བསྐོར་བ་ན་ངག་ནས་གླུ་འདི་ལྟར་བླངས་ཏེ།

དཔལ་ལྡན་ས་སྐྱ་ཁྲི་ཆེན།།

ཨོ་རྒྱན་པདྨ་དངོས་རེད།།

དཔའ་ཐང་ཆུ་མེད་ཐང་ལ།།

ངོ་མཚར་སྒྲུབ་ཆུ་བཞེས་སོང་།།

སྔར་ལས་ཀྱང་གྲགས་པ་ཆེ་བར་གྱུར། ཡང་ནུབ་དུ་ཕེབས་པའི་ལམ་བར་རི་རྙིལ། ཡ་ང་གང་ཡང་མེད་པར། མཐུ་དང་ནུས་པ་བསམ་ཡུལ་ལས་འདས་པ་མངའ་བས་ཐུར་དུ་ལྷུང་བའི་ཕ་བོང་ཆེན་པོ་ཡང་གྱེན་དུ་བཟློག གདན་ས་ས་སྐྱའི་ལྷ་ཁང་ཆེན་པོ་ཞིག་གསོ་རྒྱ་ཆེར་མཛད། ས་འོག་ནས་རྡོ་ངོ་མཚར་ཆེ་བ་བཏོན་ནས་ཀ་བ་དང་། ཐེམ་སྐས་བྱས། འོད་དཀར་པོ་རང་བཞིན་གྱིས་འཕྲོས་པའི་གཏེར་ཆོས་འབྱུང་གི་དབྱིབས་ཅན་ས་འོག་ནས་བཏོན། མི་རྣམས་ཀྱི་གཏེར་སྟོན་ཡིན་ནམ་སྙམ་པའི་ཐེ་ཚོམ་དང་སོམ་ཉི་མཐའ་དག་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར།

ཡབ་འཛམ་གླིང་ཆེ་རྒུ་དབང་སྡུད་དགོངས་པ་མྱ་ངན་ལས་འདས་ཁར། ཉེ་འཁོར་ཀུན་གྱིས་ངག་དབང་མཐུ་སྟོབས་དབང་ཕྱུག་མ་རྙེད་དེ་སེམས་ཚབས་ཆེ། ཉིན་གསུམ་གྱི་མཐར། གང་ནས་ཕེབས་འོང་བ་ཆ་མ་འཚལ་བར་གློ་བུར་མདུན་དུ་ལྷགས། ཀུན་གྱིས་གར་སོང་དྲིས་པ་ན། ཡབ་དང་ལྷན་དུ་ཡོད་གསུངས། དོན་ལ་ཡབ་དམ་པ་ཤམྦྷ་ལའི་ཞིང་ལ་ཕེབས་བསྐྱལ་ཞུས་པར་མངོན་ཏེ། ཁོང་གིས་ཕྱག་ལ་འཇིག་རྟེན་ན་སྔར་མཐོང་མ་མྱོང་བའི་ཤམྦྷ་ལའི་མེ་ཏོག་ཤིན་ཏུ་ངོ་མཚར་ཅན་ཞིག་བསྣམས། མེ་ཏོག་དེ་ཡེ་མི་རྙིད་པར་མི་ཐམས་ཅད་ཧ་ལས་པར་གྱུར།

ཁོང་གིས་སྔ་ཕྱི་ལྷ་ཁང་ཆེན་པོ་གསུམ་དང་ས་སྐྱ་ལྷོ་རྒྱུད་ཀྱི་བཤད་གྲྭ་གཅིག་ཞིག་གསོ་མཛད། ཕྱོགས་མཐའ་ཀུན་ནས་འོང་བའི་ཐོས་བསམ་དོན་གཉེར་ཅན་མང་པོ་འདུས། གང་དུ་ཕེབས་ཀྱང་སློབ་ཚོགས་ཤིན་ཏུ་རྒྱས། དགོན་སྡེ་མང་པོ་རྒྱ་བསྐྱེད་གནང་། ས་སྐྱ་གོང་མ་རྣམ་ལྔ་མཚོན་པའི་སྐུ་གསུམ་ཐུགས་ཀྱི་རྟེན་དཔག་ཏུ་མེད་པར་བཞེངས།

ཡང་གནས་གཟིགས་མང་པོ་ཕེབས་པར་སྣང་སྟེ། རྒྱ་གར་འཕགས་པའི་ཡུལ་དུ་སྟོན་པ་ཐུགས་རྗེ་ཅན་གྱི་གནས་ཆེན་བརྒྱད་སོགས་ལ་ཞིབ་མཇལ་མཛད། རྒྱ་གར་དུ་བཞུགས་རིང་། མ་ཧ་མ་གན་དྷི་མཆོག་དང་མཇལ་འཕྲད་བྱུང་། ཤིན་ཏུ་གསལ་བ་མ་ཤེས་མོད། མཉམ་དུ་རླངས་འཁོར་གཅིག་ལ་ཕེབས། ཕན་ཚུན་རང་བཞིན་གྱིས་མོས་གུས་དང་དྭངས་བ་སྐྱེས་པའི་ཚུལ་ཡོད།

ཕྱི་ལོ༡༩༥༠ལོའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་འདས་མཆོད་ཉིན། སྔར་སྐུ་འཁྲུངས་པའི་གཟིམ་ཁང་དེ་ག་རང་ལ་བཀྲ་ཤིས་དགེ་བའི་རྟགས་མཚན་དང་བཅས་ཏེ་དགོངས་པ་ཆོས་དབྱིངས་སུ་ཐིམ། ས་སྐྱ་ལ་ཡོད་པའི་འབངས་མི་སེར་དཀྱུས་མ་ནས་མི་ཆེན་སྐུ་དྲག དེ་བཞིན་ནམ་རྒྱུན་བཞིན་ངམ་གནག་གེར་བཞུགས་པ་ཀུན་ཀྱང་ཡིད་ཤིན་ཏུ་གདུང་བས་འོ་དོད་འབོད། སྐྱོ་བའི་མཆི་མ་ཤོར། ས་ཆེན་པོ་ཡང་མྱ་ངན་བྱས་པར་ལྟར་གཡོ་ཞིང་འུབ་པ། མཁའ་འགྲོ་མ་རྣམས་ཀྱི་བསུ་བ་དང་མཆོད་པ་ཕུལ་བའི་རྟགས་སུ་ནམ་མཁའ་ལ་ཉི་འོད་ཀྱི་གདུགས་དང་གུར་ཁྱིམ། འཇའ་སྤྲིན་སྣ་ཚོགས་འཁྲིགས་པ་བསམ་ཡུལ་ལས་བརྒལ་བའི་ལྟས་དང་མཚན་མ་མི་རྣམས་ཀྱི་མངོན་སུམ་ཡུལ་དུ་གྱུར། ཐུགས་དམ་ལས་གྲོལ་ཏེ་རིག་སྟོང་སྐྱེ་འགག་བྲལ་བའི་ཀློང་དུ་གཤེགས། སྐུ་གདུང་རིན་པོ་ཆེ་ཞུགས་སུ་ཕུལ་བའི་རྗེས། རྗེས་འཇུག་དད་ལྡན་གདུལ་བྱ་རྣམས་ཀྱི་ཆེད་དུ། དབུ་ཐོད་དང་དབུ་སྐྲ། ལྗགས་དང་སྤྱན་ཞུགས་ཀྱིས་ཅང་མ་གནོད་པ་དང་། རིང་བསྲེལ་མང་པོ་ཤུལ་དུ་བཞག

ངག་དབང་མཐུ་སྟོབས་དབང་ཕྱུག་གི་བཞག་པའམ་ཕྱག་རྗེས་གཞན་ཞིག་ནི་ཁོང་གི་སློབ་མ་རེད། ཁྱད་པར་དུ་ཁོང་གི་སྲས་དང་སྲས་མོ་ཚོ་རེད། ཀུན་གྱི་བགྲེས་ཤོས་ནི་ང་ཚོའི་སྤོ་བོ་ལགས། སྐྱབས་མགོན་བདེ་བར་གཤེགས་པ་༧འཇིགས་བྲལ་བདག་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་བསོད་ནམས༼༡༩༢༩--༢༠༡༦༽ཁོང་རེད། ཡབ་ངག་དབང་མཐུ་སྟོབས་དབང་ཕྱུག་གིས་ཉིད་ཀྱི་བླ་མ་ངོར་ཀླུ་ལྡིང་རྒྱལ་སྲས་ཆོས་ཀྱི་ཉི་མའི་ཡང་སྲིད་དུ་ངོས་འཛིན་མཛད།

ངག་དབང་མཐུ་སྟོབས་དབང་ཕྱུག་གིས་ང་ཚོའི་སྤོ་བོ་ལགས་ན་ཡི་དམ་རྡོ་རྗེ་ཕུར་པ་དང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གཙོས་པའི་ཆོས་བཀའ་རྒྱ་མཚོ་ལྟ་བུ་ཚངས་སྤྲུགས་སུ་བསྩལ། སྤོ་བོ་བདེ་བར་གཤེགས་པ་གང་གིས་ཐུགས་བརྩེ་བ་ཆེན་པོའི་ངང་ནས་ལྷག་ལུས་མེད་པ་བདག་ཅག་རྣམས་ཀྱི་བགོ་སྐལ་དུ་བསྩལ་བ་དེ་ནི་ང་ཚོ་ཇི་འདྲ་བསོད་ནམས་ཆེ་བ་དང་སྐལ་བ་བཟང་པོ་རེད་དྲན་གྱིན་ཡོད།

གཞན་ཡང་རྟེན་འབྲེལ་ཁྱད་པར་དུ་འཕགས་པ་ཞིག་ལ། སྤོ་བོ་བདེ་བར་གཤེགས་པ་ཁོང་ངག་དབང་མཐུ་སྟོབས་དབང་ཕྱུག་གི་སློབ་མ་བགྲེས་ཤོས་ཡིན་པ་མ་ཟད། འཇམ་མགོན་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སྤྲུལ་པའི་ཟློས་གར་བསྒྱུར་བ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས༼༡༨༩༣--༡༩༥༩༽་དང་དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ༼༡༩༢༠--༡༩༩༡༽་རྣམ་གཉིས་ཀྱི་ཞལ་སློབ་ཀྱི་གཙོ་བོ་ཡང་གྱུར།

ངག་དབང་མཐུ་སྟོབས་དབང་ཕྱུག་གི་གདུང་སྲས་སྐུ་གཞོན་ནི་ང་ཚོ་སྤོ་བོ་རབ་བྱུང་རྟེན་ཅན་ངག་དབང་ཀུན་དགའ་འཕྲིན་ལས་བཀྲ་ཤིས་༼༡༩༣༤–༡༩༩༧༽རེད། སྲས་མོ་ནི་ང་ཚོའི་རྨོ་རྨོ་རྗེ་བཙུན་སྐུ་གཞོན་རྣམ་པ་སྟེ། རྗེ་བཙུན་ཐུབ་བསྟན་དབང་མོ༼༡༩༢༤---?༽། རྗེ་བཙུན་སྐལ་བཟང་ཆོས་སྒྲོན༼༡༩༢༦--༢༠༠༧༽། རྗེ་བཙུན་ཚེ་སྦྱིན་དབང་མོ༼༡༩༣༦--༽། རྗེ་བཙུན་འཆི་མེད་དབང་མོ༼༡༩༣༩---༽་དང་རྗེ་བཙུན་དཀོན་མཆོག་དབྱངས་ཅན༼༡༩༤༤---༽་བཅས་ཡིན་པ་དང་། ཕྱི་མ་གསུམ་ད་དུང་ཞལ་བཞུགས་བཞིན་པ་དང་། ཁོང་རྣམ་པའི་མ་ཡུམ་སྟེ་ངག་དབང་མཐུ་སྟོབས་དབང་ཕྱུག་གི་བདག་མོ་ནི་མུ་ཤངས་བྱ་རིགས་པའི་བདེ་ཆེན་སྒྲོལ་མ༼༡༩༠༡--༡༩༥༤༽་རེད།

ངག་དབང་མཐུ་སྟོབས་དབང་ཕྱུག་ཁོང་རྗེས་སུ་དྲན་ཐེངས་རེ་ལ་བསྐུལ་མ་ཤིན་ཏུ་ཆེན་པོ་ཐོབ། ང་ཚོས་ངེས་པར་དུ་ཁོང་གི་རྗེས་སུ་འབྲང་སྟེ། ཐོས་བསམ་སྒོམ་གསུམ་ལ་འབད་བརྩོན་གཡེང་བར་མེད་པ་བགྱིས་ཏེ། ཡབ་མེས་རྣམས་ཀྱི་ངོ་མི་གནོང་པ་ཞིག་བྱ་དགོས་ཡང་ཡང་དྲན། ཁོང་གི་རྣམ་ཐར་དང་མཛད་རྗེས་ལ་ཕྱི་དྲན་བྱས་དུས། དམ་པའི་ཆོས་ཇི་ཙམ་ཚུལ་བཞིན་དུ་ཉམས་སུ་ལེན་ན་གྲུབ་འབྲས་ཀྱང་དེ་ཙམ་ཐོབ་ནུས་པར་སྐུལ་མ་ཐེབས། ང་ཚོ་མི་རེ་རེ། སེམས་ཅན་རེ་རེ་ནས་བདེ་བར་གཤེགས་པའི་སྙིང་པོ་རང་ཆས་སུ་རྒྱུད་ལ་ཡོད་པས་ན། དམ་པའི་ཆོས་གཤའ་མ་ཞིག་སྒྲུབ་ཐུབ་ན་བླ་ན་མེད་པའི་བྱང་ཆུབ་སྒྲུབ་ཐུབ་ལ། མཐའ་ཡས་པའི་སེམས་ཅན་ལ་ཡང་ཕན་བདེ་སྒྲུབ་ཐུབ།

ངག་དབང་མཐུ་སྟོབས་དབང་ཕྱུག་གི་རྒྱ་ཆེ་བའི་མཛད་རྣམ་སྣ་ཚོགས་རྫུ་འཕྲུལ་མངོན་ཤེས་སྟོན་པ་དང་བཅས་པ་ཐམས་ཅད་རྩ་བ་སྙིང་རྗེ་ཆེན་པོས་གཞན་དོན་ལ་དམིགས་ཤིང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་བྱང་ཆུབ་ཀྱི་སེམས་འདི་ཁོ་ན་ཡི་རྩལ་ལས་བྱུང་། དེས་ན་ང་ཚོའི་མི་ཚེ་ཧྲིལ་པོའི་ནང་དུ། ཉམས་ལེན་ཀུན་ཀྱི་རྩ་བ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ལ་ཐུག་ཡོད། དེ་ལ་བརྟེན་ནས་ཚུལ་བཞིན་མ་ནོར་བ་ལག་ལེན་དུ་བསྟར་ནུས་ན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་ལུང་དང་རྟོགས་པའི་བསྟན་པ་སྤྱི་དང་བྱེ་བྲག་ཡབ་མེས་ཀྱི་བརྒྱུད་པ་གསེར་གྱི་ཞུན་མ་ལྟ་བུ་ཉམས་པ་སོར་ཆུད་མ་ཉམས་གོང་ནས་གོང་དུ་སྤེལ་བ་ལ་སྲི་ཞུ་མི་དམན་པ་སྒྲུབ་ཐུབ་ངེས་ལགས་སོ།